༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༢ ཉིན་སྔ་དྲོ་སློབ་ཕྲུག་གིས་གཙོས་མི་མང་ ༡༠༠༠ བརྒལ་བར་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་དང་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གྲུབ་ནས་ཉིན་གུང་གསོལ་ཚིགས་རྗེས་ལ་ཝན་ཁོ་ཝར་གྲོང་ཁྱེར་དུ་ཡོད་པའི་TED ཞེས་པའི་ཐེབས་རྩའི་འགན་འཛིན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་ཡོད་པ་རེད།

དེ་ཡང་ཝན་ཁོ་ཝར་གྲོང་ཁྱེར་དུ་ཡོད་པའི་ TED ཞེས་པའི་ཐེབས་རྩའི་འགན་འཛིན་ཁུ་རི་སི་ཨན་ཊིར་སན་ Chris Anderson གྱིས་ཝན་ཁོ་ཝར་གྲོང་ཁྱེར་གྱི་རྣམ་པ་ཆ་ཚང་མཐོང་ཐུབ་པའི་ཁང་བརྩེགས་མཐོ་ཤོས་ཤིག་གི་ཐོག་བརྩེགས་ ༦༢ ནས་བཀའ་འདྲི་གནང་ཡོད་པ་དང་། TED ཞེས་པའི་ཐེབས་རྩའི་འགན་འཛིན་ཁུ་རི་སི་ཨན་ཊིར་སན་ Chris Anderson གྱིས་༧གོང་ས་མཆོག་ལྷ་སར་བཞུགས་སྐབས་༧རྒྱལ་ཡུམ་ཆེན་མོའི་དྲུང་ནས་དམིགས་བསལ་གྱིས་བསླབ་བྱ་གང་དག་ཐོབ་སོང་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་གཞན་ཕན་གྱི་བསམ་བློ་དང་བྱམས་བརྩེ་གཉིས་ཐོབ་ཡོད་པར་བཀའ་ལན་སྩལ་ཡོད་པ་དང་། དེ་བཞིན་ནང་པའི་ཆོས་ཀྱི་སློབ་སྦྱོང་ནང་རྟག་དཔྱད་གཏོང་རྒྱུའི་ལམ་ལུགས་ཡོད་པ་དེས་ངོས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་རྒྱུ་མཚན་བཙལ་རྒྱུའི་བློ་དེར་སྐུལ་མ་ཆེན་པོ་ཐེབས་ཡོད། འདི་ནི་ཆོས་དང་ཚན་རིག་གི་མཐུན་པའི་ཆ་ཞིག་རེད། ཅེས་དང་།
ཡང་། ཁུ་རི་སི་ལགས་ཀྱིས་མི་ཚེའི་དགོས་པ་ཅི་ཞིག་རེད་ཅེས་བཀའ་འདྲི་ཞུས་པར། བཀའ་ལན་གནང་དོན། མི་ཚེ་ལ་འཕྲལ་དང་ཕུགས་ཀྱི་དགོས་པ་གཉིས་ཡོད། སྒོ་ལྔའི་དབང་ཤེས་ལ་བརྟེན་ནས་བདེ་སྐྱིད་འཚོལ་བ་འཕྲལ་སེལ་རེད། ཕུགས་ཀྱི་བདེ་སྐྱིད་ནི་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་འཚོལ་རྒྱུ་དེ་རེད། ང་ཚོ་མི་ཡིན་པའི་ཆ་ནས་བདེ་སྐྱིད་འདི་འཚོལ་བའི་གོ་སྐབས་མང་བ་ཡོད་པ་རེད། ཅེས་དང་། ༧གོང་ས་མཆོག་དང་མཇལ་འཕྲད་ཞུས་མྱོང་བའི་སི་པིན་གྱི་ཡི་ཤུའི་བྱ་བྲལ་བ་ཞིག་གིས་བྱམས་བརྩེ་སྒོམ་པའི་ལོ་རྒྱུས་གསུངས་པ་དང་འབྲེལ་ནས་བྱམས་བརྩེ་ཡིས་རང་ཉིད་ལ་སྤོབས་པ་བསྐྲུན་པ་དང་། ཁོང་ཁྲོས་ཞེད་སྣང་བསྐྲུན་གྱི་ཡོད་པས་བྱམས་བརྩེ་ཡིས་འཇིགས་སྣང་མེད་པ་བཟོས་ཏེ་སེམས་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད་ཅེས་བཀའ་སློབ་སྩལ།
གཞན་ཡང་། འགྲོ་བ་མིའི་མ་འོངས་མདུན་ལམ་ཐོག་ལ་༧གོང་ས་མཆོག་ཐུགས་རེ་ཇི་འདྲ་ཞིག་ཡོད་མེད་བཀའ་འདྲི་ཞུས་པར། ཕྱི་ལོ་ ༡༩༩༦ ལོར་དབྱིན་ཡུལ་གྱི་རྒྱལ་མོར་མཇལ་འཕྲད་ཅིག་གི་སྐབས་སུ་ངོས་ཀྱིས་ཁོང་ལ་ཁྱེད་རང་དུས་རབས་ ༢༠ བ་ཆ་ཚང་གཟིགས་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ད་ལྟ་འཛམ་གླིང་འདི་ཡག་སྡུག་གང་དུ་སོང་ཡོད་པ་དང་། ཡང་ན་སྔར་བཞིན་བསྡད་འདུག་ཅེས་དྲི་བ་ཞུས་པར། རྒྱལ་མོ་ཁོང་གིས་ཐེ་ཚོམ་མེད་པར་ཡག་དུ་ཕྱིན་ཡོད་པ་རེད། ཅེས་དང་། མོ་རང་ཆུང་དུས་འགྲོ་བ་མིའི་ཐོབ་ཐང་དང་། རང་ཐག་རང་གཅོད་ཀྱི་སྐོར་སྐད་ཆ་ཤོད་མཁན་ཙམ་ཡང་མེད། དེང་སང་འཛམ་གླིང་ཡོངས་སུ་ཁྱབ་བསྡད་ཡོད། དེ་བཞིན་དུས་རབས་ ༢༠ ནང་དཀའ་ངལ་གང་འཕྲད་ལམ་སེང་དཔུང་ཤུགས་ཀྱི་ཐོག་ནས་སེལ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟ་ཡིད་ཆེས་དེའང་མེད་པར་གྱུར་བ་རེད། ཅེས་གསུངས་སོང་། དུས་རབས་གོང་མར་ཆོས་དང་ཚན་རིག་ནི་འབྲེལ་བ་མེད་པ་ཞིག་རེད། ད་ལྟའི་སྐབས་སུ་སེམས་པ་བཟང་པོ་བྱེད་པ་ལ་ཚན་རིག་པ་མང་པོ་ཞིག་གིས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་དུས་རབས་༢༡ ནང་མུ་མཐུད་འགྱུར་བ་གཏོང་ཐུབ་ཀྱི་རེད། ཡིན་ནའང་། འགྱུར་བ་གཏོང་བ་ལ་བརྩོན་འགྲུས་དང་ལྷག་བསམ། ཕུགས་ཀྱི་མནོ་བསམ་བཅས་འདི་གསུམ་དགོས།
ངོས་རང་འཆི་བ་ལ་འཇིགས་སྣང་མེད། ང་ཚོར་དགོས་རྒྱུ་ནི་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་དེ་རེད། གཞན་ལ་ཕན་ཐོགས་བྱས་པ་ཡིན་ན་སོ་སོའི་སེམས་ལ་ཞི་བདེ་ཡོང་གི་རེད། རྒྱ་ནག་ལྟ་བུར་མཚོན་ན་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཆེན་པོ་ཡོད། ཡིན་ནའང་། ཞབས་འདེགས་ཞུ་བར་འཛམ་གླིང་གཞན་གྱིས་ཡིད་ཆེས་སླེབས་ཐུབ་པ་ཞིག་བཟོ་དགོས། རྒྱ་ནག་མི་གྲངས་དུང་ཕྱུར་ ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་པའི་ཐོབ་ཐང་དང་ནུས་པ་ཡོད་ལ། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གནས་ཚུལ་འགོག་པ་ནི་ནོར་འཁྲུལ་ཆེན་པོ་རེད། དེ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དེའང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་མཐུན་པ་ཡོང་བ་བྱེད་དགོས། ཅེས་དང་།
ཁུ་རི་སི་ལགས་ཀྱིས་དྲི་བ་ཐ་མ་ཞུ་དོན། TED དམིགས་ཡུལ་དང་འབྲེལ་ནས་གཞན་ལ་སྤེལ་འོས་པའི་དགོངས་ཚུལ་ནང་དུ་༧གོང་ས་མཆོག་གི་དགོངས་གཞི་དམིགས་བསལ་བ་ཞིག་སྤེལ་དགོས་ན་གང་ཡིན་ཞེས་བཀའ་འདྲི་ཞུས་པར།
༧གོང་ས་མཆོག་གིས་འགྲོ་བ་མི་ཆ་ཚང་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་སྟེ། ང་ཚོ་དང་ཁོ་ཚོ་ཞེེས་རིས་སུ་མི་གཅོད་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་ལན་གནང་ཡོད་པ་རེད།