དོན་གྲུབ་རྒྱལ་དང་ཁོང་གི་མི་ཚེ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 11/04/14
མཐོ་འབྲིང་གཉིས་བཞི་འཛིན་གྲྭ། བསོད་ནམས་རྒྱ་མཚོ།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དོན་གྲུབ་རྒྱལ་ནི་1954ལོར་ས་ལ་དགེ་བཅུ་ཚང་ཞིང་རི་ལ་ཤིང་སྣ་འཛོམས་ས། དགུ་ཆུ་སྔོན་མོ་ལྷུང་ལྷུང་འབབ་པའི་ཉེ་འགྲམ་དགུ་འགྱུར་པད་མོ་རོང་དུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་རྨ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་སོགས་བརྒྱུད་དེ་སྤྱི་ལོ་1971ནས་1974 ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་མཛད། 1978ནས་1981ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གནའ་རབས་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱས་ནས་ཞིབ་འཇུག་པའི་མིང་བླངས། 1981ལོར་《འབོལ་རྩོམ་ཞོགས་པའི་སྐྱ་རེངས》པར་དུ་བསྐྲུན་པར་རྒྱ་ཆེ་བོད་རིགས་མི་དམངས་ཀྱིས་དགའ་བསུ་ཚད་མེད་བྱས་ཤིང་། དུང་དཀར་རིན་པོ་ཆེས་ཀྱང་ལོ་ངོ་གཉིས་ཙམ་གྱི་རིང་ལ་སྣ་འཛོམས་རང་བཞིན་གྱི་དཔེ་དེབ་འདི་པར་དུ་བསྐྲུན་པ་ནི་མི་རབས་རྗེས་མ་དག་གི་མིག་དཔེ་ཡིན་ལ་རེ་འདུན་ཡང་ཡིན་ཞེས་གདེང་འཇོག་ཚད་མཐོན་པོ་གནང་ཡོད།
སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་ཆེས་ཐོག་མའི་རྩོམ་ཡིག་《མཚོ་སྔོན་བོད་ཡིག་གསར་འགྱུར》དུ་བཀོད་པ་དང་། ཕྱིས་སུ་《སྦྲང་ཆར་》གཙོ་བྱས་པའི་དུས་དེབ་གང་མང་གི་སྟེང་དུ་བཀོད་པར་བཤད། ཁོང་གིས་རྩོམ་རིག་ལ་ཞིབ་འཇུག་དང་འཚོ་བར་ཟབ་འཇུག་བྱས་ཏེ། 《སྤྲུལ་སྐུ》《འབྲོང་སྟག་ཐང》《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་བརྩམས་ལ།《ལང་ཚོའི་རྦབ་ཆུ》ཡི་རྗེས་མཐུད་དེ《རྐང་ལམ་ཕྲ་མོ》དང་《མི་རྟག་སྒྱུ་མའི་རྨི་ལམ》སོགས་བསམ་བློ་རང་བཞིན་དང་འཚོལ་སྙེག་རང་བཞིན། མི་རིགས་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་མང་པོ་བརྩམས་པ་དེ་དག་ལས་ཁོང་གི་རྣོ་ངར་གྱི་པིར་རྩེ་འོག་ཏུ་རྗེས་ལུས་དང་རྨོངས་མུན་དག་གངས་ལྗོངས་ཀྱི་ར་བ་ནས་གནས་ཐབས་མེད་པར་བྱས།
རྩོམ་དེ་དག་ལས《རྐང་ལམ་ཕྲ་མོ》ཡིས་བརྗོད་དོན་ཆུང་ངུས་དོན་དངོས་ཆེན་པོ་མཚོན་པའི་སྒྱུ་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་སྲོལ་རྙིང་བརྟན་སྲུང་བྱེད་པའི་རྗེས་ལུས་ཀྱི་བསམ་པར་སྐྱོན་བརྗོད་བྱས་ཤིང་།《འབྲོང་སྟག་ཐང》གིས་སྐབས་དེར་རྩྭ་ས་རྩོད་གླེང་བྱེད་བཞིན་པའི་འབྲོག་པ་མང་ཚོགས་ཀྱི་ཕུ་ནུ་ནང་དམེ་བྱེད་པའི་དཔའ་རྟགས་ལ་རྫོགས་ཚིག་བཀོད་པར་བྱས། ལྷག་པར་《ལང་ཚོའི་རྦབ་ཆུ་》ཡིས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ལྕགས་སྒྲོག་སིལ་བུར་གཏོར་ཏེ་སྙན་ངག་གསར་བའི་ལམ་བཟང་ཡངས་པོར་ཕྱེས།
ཁོང་ནི་བོད་གངས་ཅན་གྱི་རྩོམ་པ་པོ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩོམ་པ་པོ་ཞིག་ཀྱང་ཡིན་ཏེ། ཁོང་གི་རྩོམ་རིག་ལས་ཚད་མཐོ་བའི་དུས་རབས་ཀྱི་རང་བཞིན་དང་བདེན་ལུགས་ཀྱི་རང་བཞིན། སློབ་གསོའི་རང་བཞིན་སོགས་མཐོང་ཐུབ་ལ། བོད་རིགས་ཀྱི་དངོས་ཡོད་འཚོ་བ་དང་གོམས་སྲོལ། བསམ་པའི་སྙེག་ཡུལ་སོགས་ཀྱང་མཐོང་ཐུབ། ཁོང་གི་རྩོམ་རིག་མང་པོ་ཞིག་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་དང་། ཞིང་ལྗོངས་ལྔའི་བོད་རིགས་རྩོམ་ཡིག་སྒྱུ་རྩལ་གྱི་བྱ་དགའ། བོད་ཡིག་དུས་དེབ་སོགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ་མྱོང་བ་མ་ཟད། ད་དུང་བོད་རྒྱ་ཡིག་སྒྱུར་གྱི་བྱ་བའང་འབོར་ཆེན་བསྒྲུབས་པ་སྟེ།《ཐང་ཡིག་གསར་རྙིང་ལས་བོད་ཆེན་པོའི་སྲིད་ལུགས་ཀྱི་ལོ་རྒྱུས》དང་《འདྲེ་འབོད་རྐང་གླིང》《སྙན་ངག་གི་རྦ་རླབས》《བྱ་ ལེན་མ་མངོན་པར་དགའ་བའི་ཟློས་གར》སོགས་བོད་ཡིག་ཏུ་བསྒྱུར་ལ། བསྒྱུར་བ་དོན་དང་འབྱོར་ལ་ཚིག་གི་སྡེབ་ལེགས་པ་མ་ཟད། མ་ཡིག་ལས་འགྱུར་ཡིག་ཉུང་བའི་ཁྱད་ཆོས་ལྡན་པ་རེད།
ཁོང་གིས་རང་མི་རིགས་ཀྱི་སྐད་ཡིག་ལ་རེ་བ་ནན་མོ་འཛིན་པ་ཡིན་ཏེ། ཤགས་འགྱེད《བོད་ཡིག་སློབ་པ》ཞེས་པའི་ནང་དུ་གཙོ་བོ་བོད་ཀྱི་དཔོན་པོ་ཁ་ཅིག་གིས་བོད་དམངས་ཀྱི་མདུན་དུ་རྒྱ་ཡིག་ལ་མཁས་ཚུལ་སྟོན་པ་དང་། གཞན་རིགས་ཀྱི་མདུན་དུ་བོད་ཡིག་ལ་མཁས་ཚུལ་སྟོན་པའི་སྐྱུག་བྲོ་བའི་བྱ་སྤྱོད་ལ་མཚང་འབྱིན་བྱས་ཏེམཇུག་མཐར་བོད་ཡིག་གི་རིན་ཐང་དང་བཀོལ་རྒྱ་ཆེ་བ་བཤད་དེ་མཐོང་ཆུང་བྱེད་མི་ཉན་པ་བསྟན་ཡོད། ཁོང་གིས་ནམ་ཡིན་ཡང་རང་གི་ཕ་ཡུལ་གྱི་མི་དམངས་དང་གྲོགས་པོ་སྐོར་ཞིག་ལ་ང་ཚོས་ད་ལྟ་རང་མི་རིགས་ཀྱི་སྐད་དང་ཡི་གེགཙོ་བྱས་པའི་སྟེང་གཞན་གྱི་རིག་གནས་ལ་འབད་དགོས་ཏེ། ཞིང་ཕྱུགས་ཙམ་ནི་ཞོར་དུ་ཡོང་ངེས་ཞེས་རྒྱུན་དུ་གསུངས་བ་གཞན་གྱི་ངག་སྒྲོས་ལས་ཐོས།
དམ་པ་གང་ཉིད་1985ལོར་སྐུ་གཤེགས་མོད། ཁོང་གི་གསར་རྩོམ་གྱི་རྣམ་དཔྱོད་དང་བླ་ན་མེད་པའི་སྙིང་སྟོབས་དག་ནམ་ཡིན་ཡང་བོད་རིགས་གཞོན་ནུ་དག་གི་སྙིང་དབུས་སུ་གནས། |