མི་ཚེའི་རིན་ཐང་།

                  ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། མེ་ཕུང་།

གང་གི་མངལ་ལས་ལྷུང་བའི་ཉམ་ཆུང་གི་ཚེ་སྲོག། 
དོན་མེད་རླུང་ལ་མ་བསྐུར་གདོང་དམར་བའི་བུ་རྒྱུད།།
མ་བཅོས་སེམས་ཀྱི་ཤུགས་གླུ་མཁའ་དབྱིངས་སུ་གྱེར་ན།། ངོ་མཚར་འཕྲུལ་གྱི་མེ་ཏོག་རང་ས་ནས་གྲོལ་ཡོང་།།

 

 གཉེན་གྲོགས་ཡུལ་ལ་མ་ཆགས་སྐད་ཅིག་གི་འགྲོན་པོ།།

 སྟོབས་འབྱོར་གྲགས་པར་མ་བརྩོན་རྨི་ལམ་གྱི་ལོངས་སྤྱོད།།
 
རྙེད་དཀའ་རིན་ཆེན་དཔག་བསམ་ལྗོན་པ་ལ་བརྟེན་ནས།།

ཤ་ཟད་རུས་ལ་ཐུག་ཀྱང་དམ་ཆོས་ལ་འབད་དགོས།།

 

རྨོངས་མུན་དྲ་བར་ཚུད་པ་སྔོན་ལས་ཀྱི་འབྲས་རེད།།

མུན་འཇོམས་བཤེས་ལ་འཕྲད་པ་ཡུལ་དུས་ཀྱི་སྐལ་རེད།།

འཆད་རྩོད་རྩོམ་གྱི་ཀློང་ནས་ཕ་རོལ་ཏུ་བརྒལ་ན།།

མི་ཚེའི་དབྱངས་རྟ་མ་འོངས་རྗེས་རབས་ལ་སྤྲད་ཆོག།

 

སྡིག་ལྡན་འཁོར་བའི་ཉེས་དམིགས་སྙིང་དབུས་སུ་སྒོམ་ན།།

འདར་འདར་ལུས་ཀྱི་བ་སྤུ་ཡོམ་ཡོམ་དུ་གཡོ་ཐལ།།

མི་ཚེ་ལྟ་བའི་རིན་ཐང་ངོམ་རྒྱུ་རེ་བྱུང་ན།།

ག་དུས་ཤི་ཡང་མིག་ཟུང་བདེ་བའི་ངང་བཙུམ་ཆོག།

རེབ་གོང་རིག་མཛོད་ཀྱི་གཏམ་མཛོད།

དྲ་ཚིགས་འདིའི་བདག་དབང་ཆ་ཚང་རེབ་གོང་རིག་མཛོད་ལ་དབང།  རྩོམ་ཡིག་བསྐུར་ས།  rebkong2012@yahoo.com

དྲ་རྒྱ་བཟོ་འགོད་པ།   རེབ་གོང་ཆོས་འཕེལ།   འབྲེལ་གཏུགས་ཁ་པར།  0091-9816235456