Dzongkha Kuensel

  • English
  • Tuesday, January 20th, 2015 - 1:01 AM

    མཆོད་རྟེན་སློངས་མི་ ཉེས་ཅན་༣ ལུ་ ཚེ་བཙོན་དང་ གཞན་མི་༢ ལུ་ ལོ་༣ ལས་༧ ཚུན་གྱི་ བཙོན་ཁྲིམས་བཀལ་ཡོདཔ།

    ༉ མོང་སྒར་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༢༥ དང་༢༦ ལུ་ མཆོད་རྟེན་སློངས་མི་ ཉེས་ཅན་༥ གི་ འཁྲུན་ཆོད་༣ བཏོན་མིའི་ནང་ ཉེས་ཅན་༣ ལུ་ ཚེ་བཙོན་དང་ གཞན་མི་༢ ལུ་ ལོ་༣ ལས་༧ ཚུན་གྱི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།

    འཁྲུན་ཆོད་ཚུ་དང་འཁྲིལཝ་ད་ སྐྱེས་ལོ་༣༤ ལང་མི་ རྣམ་རྒྱལ་དང་ སྐྱེས་ལོ་༢༨ ལང་མི་ ཚེ་དབང་ལྷུན་གྲུབ་༢ ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ མོང་སྒར་ འགྱུར་མེད་རྒེད་འོག་ བདེ་སྲུང་བྲག་ལུ་ཡོད་པའི་ མཆོད་རྟེན་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོདཔ་ཨིན་པས།
    ཁོང་༢ ཀྱིས་ འབྲུག་གི་ སྒྲུབ་བྱེད་བཅའ་ཁྲིམས་དོན་ཚན་༨༤ པ་དང་༨༥ པའི་ དགོངས་དོན་ལྟར་ ཆ་གནས་ཡོད་པའི་ཁས་ལེན་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༥༡(ཀ) པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེབ་དེའི་ དོན་ཚན་༣༥༢ པ་དང་འཁྲིལ་ཏེ་ ཉེས་ཁྲིམས་སྨིན་དགོཔ་ཨིན་པས།
    འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༧(ཁ)པའི་ དགོངས་དོན་ལྟར་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་བའི་ ཉིནམ་ལས་འགོ་བཟུང་སྟེ་ ཚེ་བཙོན་བཀལ་ཡོདཔ་ཨིན་པས།
    དེ་བཟུམ་སྦེ་ འཁྲུན་ཆོད་གཞན་མི་ནང་ཡང་ རྣམ་རྒྱལ་གྱིས་ སྐྱེས་ལོ་༣༡ ལང་མི་ བསྟན་འཛིན་རྡོ་རྗེ་དང་གཅིག་ཁར་ སྤྱི་ལོ་༢༠༡༤ ཟླ་༣ པའི་ཚེས་༦ གི་ནུབ་མོར་ སྐྱེངས་མཁར་རྒེད་འོག་ མུ་རུང་ལུ་ཡོད་པའི་ མཆོད་རྟེན་གྱི་ ནང་གཟུངས་བཏོན་འབག་ཡོདཔ་ཨིན་པས།
    དེ་འབདཝ་ལས་ ཁྲིམས་ཀྱི་འདུན་ས་ལས་ ཉེས་ཅན་བསྟན་འཛིན་རྡོ་རྗེ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འཛིན་བཟུང་འབད་བའི་ ཚེས་གྲངས་ལས་འགོ་བཟུང་སྟེ་ ཚེ་བཙོན་སྨིན་ཡོདཔ་ཨིན་པས།
    སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་བཏོན་མི་ འཁྲུན་ཆོད་ཀྱི་བཤེར་བཅུད་དང་འཁྲིལཝ་ད་ དོགས་ཟོན་ཅན་ དམ་ཆོས་ཁོ་ར་ མོང་སྒར་ལུང་ཕྱོགས་གཙོ་བསྟན་སྨན་ཁང་ནང་ ངོ་མ་ཤེས་པའི་མི་ངོམ་ འབྲུག་རྒྱལ་ཟེར་མི་དང་ ཕྱད་པའི་སྐབས་ འབྲུག་རྒྱལ་གྱིས་ འགྲུལ་འཕྲིན་ནང་ཡོད་པའི་ གཟི་གི་པར་བཏོན་ཏེ་ དམ་ཆོས་ལུ་ གཟི་མི་ཐོབ་ག་ཟེར་དྲི་བའི་སྐབས་ དོགས་ཟོན་ཅན་གྱིས་ འཚོལ་བལྟ་དགེ་ཟེར་སླབ་སྟེ་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་གཉིས་ལུ་ འགྲུལ་འཕྲིན་བཏང་སྟེ་ གཡུས་ཁར་ལས་ གཟི་རེ་ཐོབ་པ་ཅིན་ འབག་ཤོག་ཟེར་སླབ་ཡོདཔ་ཨིན་པས།
    དོགས་ཟོན་ཅན་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་གཉིས་ཀྱིས་ ཁོང་རའི་གཡུས་ཁ་ལུ་ ས་གནས་གོང་རི་ཟེར་སར་ ཉ་བཟུང་པར་འགྱོ་ནི་ཨིན་ཟེར་སླབ་སྟེ་ རྣམ་རྒྱལ་གྱི་ནོ་གཅུང་ ཕུན་ཚོགས་དབང་འདུས་ཡང་ ཆ་རོགས་སྦེ་ཁྱིད་དེ་ ས་གནས་ནང་ལྷོདཔ་ད་ ཉ་བཟུང་ནི་མེན་པར་ རོ་མང་ལུ་ཡོད་པའི་ མཆོད་རྟེན་གྱི་ ནང་གཟུངས་བཏོན་པར་ཨིན་ཟེར་སླབ་སྟེ་ དབང་བཙོང་ཐོག་ དོགས་ཟོན་ཅན་ཕུན་ཚོགས་དབང་འདུས་དེ་ བྱ་བལྟ་མི་སྦེ་ བཞག་ཡོདཔ་ཨིན་པས།
    དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ བསྟན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༥༡ པའི་ དགོངས་དོན་ལྟར་ སྐུ་གསུང་ཐུགས་རྟེན་ནམ་ གཟུངས་དང་འབྲེལ་བའི་གནོད་འགེལ་གྱི་ནང་གསེས་ མཆོད་རྟེན་ནང་གཟུངས་བཏོན་པའི་ ཉེས་འཛུགས་འབད་དགོཔ་སྦེ་ཨིན་པས།
    གནད་དོན་དེ་ལུ་བརྟེན་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ ཚེ་བཙོན་སྨིན་པའི་ཁར་ ཕུན་ཚོགས་དབང་འདུས་ཀྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢༥ པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེའི་དོན་ཚན་༡༣༥(ཀ)པ་དང་འཁྲིལ་ དོན་ཚན་༡༡ པའི་དགོངས་ལྟར་ ཉེས་ཁྲིམས་སྨིན་མ་དགོ་པའི་ཐད་ ཁྲིམས་དེབ་དེའི་དོན་ཚན་༢༣(ཇ)པའི་ དགོངས་དོན་ལྟར་ བཙན་དབང་ངམ་ དབང་བསྒྱུར་གྱི་འོག་ལུ་ཚུད་མི་ལུ་བརྟེན་ ལྷོད་ཡངས་ཀྱི་སྐབས་དོན་རྩིས་ཏེ་ སྤྱི་ཟླ་༨ ཚེས་༡༤ ལུ་ འཛིན་བཟུང་འབད་མི་ལས་ འགོ་བཟུང་སྟེ་ བཅོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
    ཉེས་འབྲེལ་པ་ དམ་ཆོས་ཀྱིས་ མོང་སྒར་གཙོ་བསྟན་སྨན་ཁང་ནང་ ངོ་མ་ཤེས་པའི་མི་ངོམ་ འབྲུག་རྒྱལ་ཟེར་མི་གིས་ གཟི་དགོ་པའི་ལོ་རྒྱུས་སླབ་མི་དང་འཁྲིལ་ཏེ་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ མཆོད་རྟེན་གྱི་ ནང་གཟུངས་བཏོན་བཅུག་པའི་ གནད་དོན་ཐོག་ ལོག་འདྲེན་གྱི་ གནོད་འགེལ་ཉེས་འཛུགས་འབད་མི་ལུ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་དོན་ཚན་༨༤ པ་དང་༨༥ པའི་དགོངས་དོན་བཞིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢༦ པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེའི་དོན་ཚན་༡༣༤(ཀ)པ་དང་འཁྲིལ་ དོན་ཚན་༡༠ པའི་དགོངས་ལྟར་ བཙོན་ཁྲིམས་ལོ་༧ བཀལ་མི་དེ་ འཛིན་བཟུང་འབད་བའི་ སྤྱི་ཟླ་༨ ཚེས་༢༠ ལས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
    དེ་བཟུམ་སྦེ་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ཡང་ རྫོང་ཁག་ཁྲིམས་འདུན་གྱིས་ མཆོད་རྟེན་སློངས་བའི་ གནད་དོན་ཐོག་ལུ་ འཁྲུན་ཆོད་ཚུ་ བཏོན་གནང་ནི་ཨིན་པའི་གནས་ཚུལ།
    བཀྲིས་ཕུན་ཚོགས།

    Leave a Comment