ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི།

[རྩོམ་པ་པོ:མཁས་དབང་  ཡོང་ཁུངས:དྲ་བ།  དུས་ཚོད:2014-4-1 10:52:59  བཀླགས་ཐེངས:441][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི།   
       
   མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་ཞིག་གི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་བཞི་ཚང་དགོས་པར་གསུངས་འདུག །  
  ཆ་རྐྱེན་དང་པོ་དེ་གཟུགས་གཞིའི་བདེ་ཐང་ཟེར་བ་འདི་རེད། གཟུགས་གཞིའི་བདེ་ཐང་མེད་ན། སོ་སོ་མཁས་པ་ཡིན་ནའང་འདྲ། ཕྱུག་པོ་ཡིན་ནའང་འདྲ། མི་སུ་འདྲ་ཞིག་ཡིན་རུང་དོན་ཐོག་ཡོང་རྒྱུ་ཁག་པོ་རེད།ལྷག་པར་དུ། ཤེས་ཡོན་སློབ་སྦྱོང་ཅི་ཙམ་ཡོད་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ལ་ཡུན་རིང་པོར་ཕན་བདེ་བསྒྲུབ་ཐུབ་རྒྱུ་ཡང་ཁག་པོ་རེད། དེ་འདྲ་སོང་ཙང་། ལོ་ན་གཞོན་པའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཉར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།ཡང་མཚམས་རེར། ང་ཚོའི་བསམ་བློར་ལོ་གཞོན་པའི་སྐབས་སུ་གཟུགས་གཞི་བདེ་ཐང་ཡོད་ཙང་། གཟུགས་པོའི་འཕྲོད་བསྟེན་ལ་སྣང་མེད་གཏོང་གི་ཡོད་རུང་། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། འོན་ཀྱང་། ལོ་ན་བཞི་བཅུ་ཕར་བརྒལ་བ་དང་གཞི་ནས་མྱོང་བ་མཐོང་ཡོང་གི་རེད། དེར་བརྟེན། མི་ཚེ་ཡུན་གནས་ཀྱི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་འགན་འཁུར་རྒྱུའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ད་ལྟ་ནས་གཟུགས་གཞིའི་འཕྲོད་བསྟེན་ལ་དོ་ཁུར་ཆེ་ཙམ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
 ཆ་རྐྱེན་གཉིས་པ་དེ་མི་ཚེའི་ཕུགས་བསམ་ཟེར་བ་འདི་རེད། མི་ཞིག་གི་མི་ཚེར་མཚོན་ན་ཕུགས་བསམ་ཟེར་བ་འདི་ཧ་ཅང་གལ་ཆེན་པོ་རེད། རབ་བྱུང་ན་ལོ་ན་ཉི་ཤུའི་སྔོན་ནས་སོ་སོའི་མི་ཚེ་ཕུགས་བསམ་འདི་ཐག་ཆོད་པ་ཞིག་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེ། མི་ཚེའི་ཕུགས་བསམ་ཟེར་བ་འདི་ཐག་མ་ཆོད་པ་ཡིན་ན་སོ་སོའི་མི་ཚེའི་ནང་ལ་ཧུར་བརྩོན་བསྐྱེད་པའི་བྱ་བཞག་མང་པོ་ཞིག་འཕྲོ་བརླག་དང་ཆུད་ཟོས་སུ་འགྲོ་གི་རེད། སོ་སོའི་ཧུར་བརྩོན་དང་འབད་པ་བྱས་པའི་ལས་དོན་དག་གྲུབ་འབྲས་ཕུགས་འཕེར་ཅན་ཞིག་ཡོང་བ་ལ་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེའི་ཕུགས་བསམ་ཟེར་དུས་ཡིན་གཅིག་མིན་གཅིག་དམིགས་ཡུལ་གཅིག་ཉར་དགོས་རེད་ལབ་ཀྱི་མེད།  དམིགས་ཡུལ་ཁ་ཤས་ཉར་ཆོག་གི་རེད།  འོན་ཀྱང་། གང་ལ་དམིགས་པའི་གཞི་གཏོད་ས་དེ་ཐག་ཆོད་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད།
 ཆ་རྐྱེན་གསུམ་པ་དེ་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་རྒྱུ་དེ་རེད།  ལས་དོན་ཆེ་ཕྲ་ཆུང་གསུམ་ཅི་འདྲ་བསྒྲུབ་ན་ཡང་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་མ་ཡིན་པར་ལེགས་ཉེས་བླང་དོར་ཚུལ་བཞིན་དུ་ཤེས་རྒྱུ་གལ་ཆེན་པོ་རེད། གཞན་གྱི་ཟེར་སྒྲོས་ལྟ་བུ་ལ་བགྲངས་རྒྱུ་མ་ཡིན་པར་རང་གི་རྣམ་དཔྱོད་དེ་རང་གིས་བེད་སྤྱོད་གཏོང་དགོས།  རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་ན་རང་གིས་གང་བྱས་པ་དེ་གཞན་གནོད་རང་ཕུང་གི་རིགས་ཡོང་གི་མ་རེད་ལས་དོན་སྔ་རྗེས་གང་ལ་ཡང་ནོར་བའི་རིགས་ཉུང་དུ་ཡོང་གི་རེད། མདོར་ན་སོ་སོའི་ཀླད་པ་སོ་སོས་བེད་སྤྱོད་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། 
  ཆ་རྐྱེན་འདི་གསུམ་འཛོམས་པ་ཡིན་ན་མི་ཚེ་ཡག་པོ་ཞིག་ཡོང་གི་རེད་དམ་ལབ་ན། ཏན་ཏན་ཡོང་གི་རེད། འོན་ཀྱང་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད་དམ་ལབ་ན། དེ་ཐེ་ཚོམ་གྱི་གནས་རེད ། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་ཆ་རྐྱེན་འདི་གསུམ་པོ་གཅིག་པོས་འདང་གི་མ་རེད་སྙམ། ཆ་རྐྱེན་འདི་གསུམ་པོའི་སྒང་ལ་གཞན་ཕན་གྱི་བསམ་བློ་དེ་བཞག་པ་ཡིན་ན། གཞི་ནས་མི་ཚེ་རླབས་ཆེན་པོ་དང་དོན་དང་ལྡན་པ་ཞིག་ཡོང་གི་རེད། དེར་བརྟེན། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་༼ཆ་རྐྱེ་ན་བཞི་པ་༽གཞན་ཕན་གྱི་བསམ་བློ་ཞེས་པ་འདི་ཧ་ཅང་ནས་གལ་ཆེན་པོ་རེད། །
·གསར་འགྱུར་གོང་མ:བོད་ཀྱི་སྲིད་དོན་མཁས་དབང་འབའ་པ་ཕུན་ཚོགས་དབང་རྒྱལ་སྐུ་གཤེགས་པ།
·གསར་འགྱུར་འོག་མ:ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015-1-17 11:39:30
·མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 2012-2-13 10:35:53
·མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། 2012-2-6 15:33:49
·མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ། 2012-1-30 15:34:01
·མི་ཆོས་དང་པོ། དཀོན་མཆོག་ལ་མོས་གུས་བསྐྱེད་པ། 2012-1-20 19:02:42
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS