མི་ཚེ་ཡི་གར་འོང་།

སྒྲོལ་མ་མཚོ།


ནང་དོན་མདོར་བསྡུས།

    ལྗེའུ་རིགས་ཀྱི་གཞོན་ནུ་བཱ་རྡོ་དང་ཁོའི་གྲོགས་པོ་གཉིས་ཀྱིས་རླངས་འཁོར་བསྐོར་ཏེ་ཨ་ལེ་ཙོ་ཟེར་བའི་གྲོང་བརྡལ་ཆུང་ཆུང་དེར་སླེབས། བཱ་རྡོ་ལ་གྲོང་ཁྱེར་དེ་རུ་དཔེ་ཁང་ཞིག་འཛུགས་གཉེར་བྱེད་པའི་དམིགས་འདུན་ཞིག་ཡོད་ལ། ལམ་བར་ནས་སྔོན་བསགས་ལས་ཀྱིས་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་པའི་མིང་ལ་ཏོ་ལ་ཟེར་བའི་བཞིན་བཟང་གི་བུ་མོ་ཞིག་ལ་བཱ་རྡོ་ལམ་འཕྲད་བྱུང་ཞིང་།  ཁོ་གཉིས་ཕན་ཚུན་ཡུན་རིང་དུ་འགྲོགས་མཐར་དགའ་རོགས་སུ་གྱུར།
      ཡིན་ཡང་ལས་དབང་དང་ཚོགས་བསགས་བསོད་ནམས་གང་ཞིག་གི་དབང་གིས་ཧྥ་ཤི་སིའི་སྲིད་དབང་གིས་འཕྲོག་རྩོད་ཀྱི་དུས་དང་ཁེལ་བའི་བཱ་རྡོ་དང་ཁོའི་བུ་གཉིས་ལྗེའུ་རིགས་རྒྱུད་ཡིན་པས་བཙན་གྱིས་བཙོན་འཇུག་བྱས་པ་དང་། ཏོ་ལར་ལྗེའུ་རིགས་ཀྱི་ཁྲག་རྒྱུད་མེད་ཀྱང་བཟའ་མི་དང་སྐྱིད་སྡུག་མཉམ་འཁུར་གྱིས་ཁོ་གཉིས་ཀྱི་རྗེས་དེད་ནས་སོང་ཡང་། བཙོན་འཇུག་བྱེད་དུས་ཁོ་མོ་ཁོ་གཉིས་དང་ཁ་བྲལ་དུ་བཙོན་དུ་བཅུག བཱ་རྡོ་ཡིས་སྐྱོ་སྡུག་མཐའ་དག་རང་ཉིད་གཅིག་པུས་ཁུར་ཏེ་རང་གི་བུ་ལ་དེ་ནི་རྩེད་མོ་ཞིག་ཡིན་ལ་སུ་ཞིག་ལ་རྒྱལ་བ་ཚེ་བྱ་དགའ་ལ་རྩེད་ཆས་ཐན་ཁེ་ཞིག་ཐོབ་ཅེས་རྫུན་གཏམ་བཤད་དེ། རང་གི་བུ་ཕྲུག་སྐྱོ་་སྡུག་གི་ཀློང་དུ་ལྷུང་དུ་མ་བཅུག་པར་སྤྲོ་སྐྱིད་ངང་མུན་པའི་དུས་དེ་བདའ་ཐབས་བྱས། བཙོན་ར་ཆེན་མོའི་འཚོ་བར་དཀའ་སྡུག་མང་པོ་ཡོད་རུང་། བཱ་རྡོས་རང་གི་བུ་ཕྲུག་ལ་དགོད་གཏམ་སོགས་བཤད་དེ་བུ་དགའ་སྤྲོའི་ངང་འཚོ་བར་བཅུག་ནས་ཁོ་བའི་སེམས་སུ་ནག་ནོག་གི་དྲི་མ་འགོས་སུ་མ་བཅུག མཐར་ཁོ་རང་ཧྥ་ཤི་སིའི་མུན་པའི་སྲིད་དབང་འོག་ནས་འཇིག་རྟེན་དང་གཏན་དུ་གྱེས་དགོས་སོང་།

 

དཔྱད་གཏམ།

     གཏམ་རྒྱུད་འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ཡོད་ལ། དམག་ཆེན་ཐེངས་གཉིས་པའི་སྐབས་ལྗེའུ་རིགས་ཀྱི་མི་ཁྲི༦༠༠ལྷག་གནོད་འཚེའི་ཀློང་དུ་ཚུལ་པ་ནི་ལྗེའུ་རིགས་ལ་མཚོན་ན་སེམས་ཁོང་ནས་བརྗེད་དཀའ་པའི་རྨ་ཁ་ཞིག་ཏུ་གྱུར་འདུག  དུས་མཚམས་འདིའི་ལྗེའུ་རིགས་ཀྱི་ཁྲག་དང་མིག་ཆུའི་བྲིས་པའི་ལོ་རྒྱུས་བརྗོད་བྱ་བྱས་པའི་གློག་བརྙན་མི་ཉུང་བ་ཞིག་མཆིས་ན་ཡང་།  དེ་དག་ལས་གློག་བརྙན་འདི་ནི་ཆེས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ།
      གློག་བརྙན་འདི་ལ་སྒོ་གཉིས་ནས་འཇུག་དགོས་བསམ་ལ་གཅིག་ནི་གྲོང་གསེབ་ཅིག་ནས་འོང་བའི་ལྗེའུ་རིགས་ཀྱི་གཞོན་ནུ་ཞིག་བུ་མོ་ཞིག་ལ་
ཡིད་སྨོན་ཤོར་ནས་བརྩེ་དུང་ཆགས་པའི་མིའི་ལྷན་སྐྱེས་ཀྱི་བརྩེ་བ་མཛེས་སྡུག་ལྡན་པ་ཞིག་བརྗོད་འདུག་ལ། གཉིས་སུ་ན་ཨ་ཕ་ཞིག་གིས་བཙོན་རའི་ནང་ནུས་ཤུགས་ཡོད་ཚད་བཏོན་ནས་རང་གི་བུ་ཕྲུག་སྲུང་སྐྱོབ་བྱེད་པར་དཀའ་བ་ཡོད་ཚད་དང་དུ་བླངས་ནས་སེམས་ཀྱིས་གཅེས་ཤིང་བདེ་བ་ཅི་ཡོད་བུ་ལ་བྱིན་པའི་མི་སེམས་འགུག་པའི་གཏམ་རྒྱུད་གཞིར་བཟུང་ནས“སྡུག་ནའང་བུ་ཕྲུག་སྡུག་མི་རུང་། དབུལ་ནའང་སློབ་གསོའི་དབུལ་མི་རུང”ཞེས་པའི་སྐད་ཆ་དེ་ཡང་བསྐྱར་དྲན་སྐུལ་ཞིག་བྱས་འདུག་བསམས།
      གློག་བརྙན་གྱི་ཡིད་འགུག་ནུས་པའི་ཆ་ནས་བཤད་ན་བཙོན་ར་ཆེན་མོ་དེ་ལྗེའུ་རིགས་ཀྱི་གཞོན་ནུ་འདིས་མིག་ཆུའི་ཕྲེང་བ་གཏོར་སར་གྱུར་ན་ཡང་ཁོས་ང་ཚོར་དགའ་སྤྲོ་དང་བདེ་སྐྱིད་ཚད་མེད་བསྐྱེད་ཡོང་ལ་ཐ་ན་འཆི་ཁར་ཡང་ང་ཚོར་དགོད་ཁ་བསླངས།     མ་གཞིར་འདི་འདྲའི་སྡུག་གི་ཀློང་དུ་ཚུད་པའི་དམག་འཁྲུག་གི་ན་བུན་ཞིག་སྤྲོ་གར་གྱི་རྣམ་པས་འཁྲབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན།  ཡིན་ཡང་གློག་བརྙན་ཧྲིལ་བོའི་ཁྲོད་དགོད་སྤྲོ་བའི་ཆ་མང་ཏུ་འདུག་པ་འདི་ནི་གློག་བརྙན་འདིའི་ཆེས་ཡིད་དབང་འགུག་པའི་སྒྱུ་རྩལ་ཞིག་རེད།
      གློག་བརྙན་འདི་ལ་བལྟས་རྗེས་ང་ལ་རང་ཉིད་ཀྱིད་འཚོ་བའི་རྣམ་འགྱུར་ལ་ཕྱིར་འདང་ཞིག་བྱས། ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་རྣམ་འགྱུར་དེ་སྤྲོ་སེམས་ཀྱིས་བཏེགས་པ་ཞིག་ཡིན་དགོས་ཏེ།  གློག་བརྙན་ཁྲོད་ཀྱི་ཨ་ཕས་གནས་བབ་དེ་འདྲའི་སྐྱོ་བོ་ཞིག་གི་འོག་ནས་ཀྱང་སྤྲོ་བའི་འཛུམ་མདངས་མ་ཡལ་བར་འཚོ་ཐུབ་ན་ང་ཚོས་ཅི་ལ་མི་ཐུབ་བམ་བསམས་སོ། །

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-06-06] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།

Copyright © 2011-2013 tibetitw.com

E-mail: bosubtitle@126.com